མི་ཉམས་རྒྱུན་འཛིན་དགོས།
སྐད་ཡིག་ནི་ང་ཚོ་བོད་པའི་རིག་གནས་ལོ་རྒྱུས་ཀྱི་རྩ་བ་ཡིན། སྐད་ཡིག་མེད་ན་རིག་གཞུང་དང་སྲོལ་རྒྱུན་ཡང་ཉམས་འགྲོ་ཡི་རེད། དེ་བས་སྐད་ཡིག་ནི་བོད་མི་རིགས་དང་བོད་སྤྱི་དོན་ལ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད་པ་རེད། སྐད་ཡིག་ནི་བོད་ཀྱི་ཆོས་དང་རིག་གཞུང་སླར་གསོའི་ཐོག་ལ་ཧ་ཅང་གི་གལ་ཆེན་པོ་ཡིན། བོད་ཀྱི་ཆོས་ཀྱི་དཔེ་ཆ་མང་པོ་ཞིག་བོད་སྐད་ཡིག་ཁོ་ན་ལ་བརྟེན་ནས་གོ་བ་རྟོགས་པ་མ་ཟད་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་གཞི་རྟེན་གཙོ་བོ་ཞིག་ཏུ་འགྱུར་ཡོད། དེ་ནི་བོད་མི་ཚོའི་ངོ་རྟགས་ཀྱང་ཡིན།
ང་ཚོས་སྐད་ཡིག་རང་གི་སྲུང་སྐྱོབ་བྱས་པ་ཡིན་ན། རིག་གནས་དང་མི་རིགས་ཀྱི་ཁྱད་པར་ཡང་རྒྱུན་སྲིངས་ཐུབ་པ་ཡིན།
མ་ཟད་སྐད་ཡིག་ནི་ང་ཚོའི་སྐད་དང་གོམས་གཤིས་དེ་བཞིན་མི་རིགས་ཀྱི་སྤྱོད་ལམ་སོགས་མཚོན་པའི་མ་ལག་ལྟ་བུ་ཡིན། སྐད་ཡིག་བེད་སྤྱོད་དང་བཀོལ་སྤྱོད་ཡང་དག་པ་ཞིག་བྱ་བ་ཡིན་ན། ང་ཚོའི་མི་རབས་རྒན་པ་ཚོ་དང་ཕ་མ་དེ་བཞིན་རྒན་རབས་པ་ཚོ་དང་འབྲེལ་བ་བརྟན་པ་ཆགས་ཐུབ་པ་ཡིན། ད་ལྟའི་དུས་སུ་འཛམ་གླིང་འཕེལ་རྒྱས་མྱུར་བ་འགྲོ་བཞིན་པའི་སྐབས་སུ་མི་རིགས་ཕན་ཚུན་མཉམ་ཟ་མཉམ་འཐུང་གི་དུས་སྐབས་འདིར་རང་ཉིད་སྐད་དང་ཡི་གེ་སྲུང་སྐྱོབ་ལེགས་པོ་ཞིག་བྱ་མ་ཐུབ་ན། སྐད་ཉམས་ཆགས་འགྲོ་བར་ཐེ་ཚོམ་མི་དགོས། དེས་ན། ང་ཚོ་ཡོད་བཞོན་ད་ལྟའི་མི་རབས་འདིས་སྐད་ཡིག་ལ་ཐུགས་འཁུར་ཟབ་ནན་དང་བོད་སྐད་སྐྱོན་རྒྱུ་མ་བརྗེད་པ་གནང་རྒྱུ་དེ་ཤིན་ཏུ་གལ་ཆེ། སྐད་ཡིག་སྲུང་སྐྱོབ་ཟེར་བ་ནི་མི་གཅིག་གིས་ལས་ཀ་ཙམ་མ་རེད། དེ་ནི་བོད་ཡོད་ཚད་དང་ཡང་སྒོས་སུ་ཧི་མ་ལ་ཡའི་ཁུལ་གྱི་རིག་གཞུང་མཚུངས་པའི་བོད་བརྒྱུད་ནང་བསྟན་གྱི་ཁྱབ་ཁོངས་ཀྱི་མི་རིགས་ཡོད་ཚད་ཀྱི་སྲུང་སྐྱོབ་དང་འགན་འཁུར་རླབས་པོ་ཆེ་བཞེས་དགོས། དེ་ལྟ་བྱས་འགྱུར་ན། རིག་གནས་ཐམས་ཅད་མི་ཉམས་རྒྱུན་འཛིན་དང་ཉམས་པར་སླར་གསོ་མཛད་ཐུབ་བོ།།
